གང་ཞལ་ཉ་གང་ཆ་རྫོགས་ཟླ་གཞོན་འདྲེན་བྱེད་ལམ་དུ་བསྒྱུར་ཉིན་ནས།།
ཏིང་འཛིན་ཟབ་མོའི་དམིགས་པ་འཁྱོར་ནས་ཁྱོད་ཞལ་སྙིང་ལ་ཡང་ཡང་སྒོམ།།
ཡིན་ཡང་བགྲང་བྱ་བདུན་གྱི་འཚོ་བ་རེ་སྒུག་ཁྲོད་ནས་བཙན་གྱིས་བསྐྱལ།།
དུང་སེམས་རུམ་པའི་ལོ་ཟླའི་ཁྲོད་དུ་བསམ་གཞིགས་ཟབ་མོ་གཟེབ་ཏུ་ཚུད།།
ཐོད་ལ་བབས་པའི་གཉེར་མའི་གསེབ་ནས་ངལ་བའི་ཆུ་མོ་རྒྱུན་ཏུ་བབས།།
ཁྱོད་ལ་འཁྲེང་བའི་ལོ་ཟླའི་བརྒྱུད་རིམ་དྲོད་ཁོལ་དབེན་པའི་དགུན་གཞུང་ཞིག།
འ་ཐང་ཆད་པའི་གོམ་ཁ་དལ་མོ་གྲུ་ཁ་འདི་ཡི་བརྒྱུད་ལམ་ནས།།
ཉོབ་སྣང་འདྲེས་མའི་ཚོར་ཤེས་ཞིག་གིས་ངང་གིས་ཟིན་པའི་འཚོ་བའི་ནང་།།
དྲན་གདུང་ན་ཟུག་སེམས་ལ་རུམ་ནས་འཁྲེང་བའི་སྙན་ངག་འབྲི་བཞིན་ཏུ།།
ཡུན་རིང་བསྒུགས་པས་མི་ཚེའི་ཉི་གཞོན་རྒྱང་རིང་རི་བོའི་ཕག་ཏུ་བཞུད།།
རྒྱུན་རིང་ཉེར་བའི་ན་ཟུག་ཞིག་གིས་སེམས་པའི་སྒོ་གླེགས་ཡང་ཡང་བརྡུང་།།
སེམས་ཀྱི་གཞོན་ནུ་་ཁོམ་ལོང་བྲལ་པས་དུས་རྒྱུན་ཁྱོད་སར་འཕུར་ལ་བྲེལ།།
བསམ་གཞིགས་ཟབ་མོའི་བསྣོལ་མཚམས་བར་ནས་དྲི་རྟགས་མང་མོའི་སྣེ་ལ་འཐམ།།
ཚ་རྡུལ་རྒོད་པའི་གྲུ་ཟུར་ཞིག་ནས་ཁ་ཕྱོགས་བོར་བའི་ཡུལ་གྱུར་ཞིག།།
༢༠༠༧་༡༠་༡༣་ཉིན་རྩོད་རྒྱུགས་སྐབས།
༢༠༠༧་༡༠་༡༣་ཉིན་རྩོད་རྒྱུགས་སྐབས།